རྒྱ་ནག་བོད་དུ་འཛུལ་བ་ལས་དབྱིན་ཡིག་བོད་མིའི་སེམས་ནང་དུ་འཛུལ་བ་སྡུག

རྒྱ་ནག་བོད་དུ་འཛུལ་བ་ལས་དབྱིན་ཡིག་བོད་མིའི་སེམས་ནང་དུ་འཛུལ་བ་སྡུག

 

བོད། ལྷ་ཀླུ་གཉན་གསུམ།

 

གཞིས་ལུས་བོད་པ་ལགས། ངས་གླེན་བཤད་བྱེད་ཀྱི་འདུག་ཟེར་ན་འགྲིག་གི ཁྱེད་རང་ལ་རྒྱུས་མེད་ཅིག་བཤད་བཞིན་འདུག བོད་པ་ཚོས་རང་གི་བོད་ཡིག་ལས་བོད་ཡིག་ལ་དང་དོད་བྱེད་བཞིན་པའི་ཆེས་གཉན་འཕྲེང་གི་དུས་ཚོད་འདི་ལ་རང་གི་སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་མེད་པའི་ཐོག་བཀའ་བསྟན་འགྱུར་ཚང་མ་ཕྱི་ཡིག་དུ་སྒྱུར་བར་འདོད་མཁན་དག་ལ་༧གོང་ས་མཆོག་གིས་སྔོན་ཆད་ཞིག་ལ་བཀའ་འདི་འདྲ་ཞིག་གནང་ཡོད། སྤྱིར་བཏང་དེང་སང་མི་མང་བོ་ཞིག་གིས་ནང་ཆོས་ཕྱི་མའི་སྐད་ཡིག་ལ་སྒྱུར་བཞིན་འདུག་པ་དེ་ནི་དོན་དངོས་ཐོག་གཟབ་གཟབ་མ་བྱས་ན་ནོར་འཁྲུལ་ཆེན་པོ་ཡོང་ཉེན་ཡོད་ཅེས་བཀའ་ཕེབས་ཡོད་པ་རེད། ད་དུང་ང་རང་གི་བསམ་ཚུལ་གཙོ་བོ་དེ་ནི་བོད་པ་ཚང་གི་ངོམ་དུ་རུང་བ་ཞིག་ཡོད་པ་ནི་ནང་ཆོས་ཆགས་ཡོད་པ་ལས་གཞན་གང་ཡང་མེད་ཟེར་ནས་བཤད་ཀྱང་མ་ཆོག་པ་མེད། ངོམ་དུ་རུང་བ་ཞིག་ཡོད་པ་དེ་ཡང་ནང་ཆོས་ལ་བྱང་དུ་ཆུབ་མེད་པའི་ལོ་ཙ་བ་མང་བོ་ཞིག་གིས་སྒྱུར་རྒྱུ་ཟེར་ནས་དེ་ནི་དངོས་ནས་དོན་དག་ཆུང་ཆུང་ཞིག་གཏན་ནས་མིན་པ་མ་ཟད། ཉེན་ཁ་ནས་ནང་ཆོས་ལ་ལྟ་སྟངས་ཡག་པོ་ཞིག་བྱུང་མིན་ཐད་དུ་ཡང་ཉེན་ཚབས་བྱུང་སྲིད་པ་མ་ཟད། དཔེར་ན་ང་ཚོས་སྟོང་ཉིད་ཟེར་ནས་མིང་ཚིགས་ཤིག་བེད་སྤྱོད་བྱེད་བཞིན་པ་དེ་ལ་དབྱིན་ཇིའི་སྐད་ནང་དུ་སྒྱུར་བ་ལ་ལས་སླ་བོ་མེད་པ་མངོན་སུམ་མིག་གི་མཐོང་རྒྱུ་ཡོད་པ་དེ་ཡིན། ཁོང་ཚོས་སྟོང་ཉིད་སྒྱུར་བ་ལ་ཅི་ཡང་མེད་དབྱིན་སྐད་ནས་nothing ཟེར་ནས་སྒྱུར་ཡོད་པ་ལྟ་བུ་རེད། དེ་གཅིག་བྱས། གཉིས་པ་དེ་ནི་བོད་པ་ཚང་གི་བོད་མི་དག་གིས་ནང་སྒྱུར་གཙོ་བོ་མི་བྱེད་པར་རང་གི་སྐད་ཡིག་གི་ནང་དུ་ཡོད་པའི་ངོམ་དུ་རུང་བ་དག་ཕྱི་ལ་སྒྱུར་ཅི་ཐུབ་བྱེད་ཀྱི་ཡོད་པ་དེ་རེད། དེ་ནི་དེ་ལས་ཀྱང་ཉེན་ཁ་ཞིག་ཡིན་ཟེར་ན་འདོད་པ་ནི་སྐད་ཡིག་གི་བཙན་འཛུལ་ཟེར་བ་དེ་རེད། སྐད་ཡིག་གི་བཙན་འཛུལ་བོད་དུ་ཐེབས་ཉིན་བོད་པ་ཚང་གི་སྐད་ཡིག་ཕྱུག་ཙམ་ཞིག་གླེང་དུ་ཆགས་པ་དེ་ཉིད་མེད་པོ་བཟོ་ངེས་ཡིན། དེ་ལྟར་བཟོས་ཉིན་བོད་པ་ཚང་གི་སྐད་ཡིག་ལ་གོ་གནས་མེད་པར་འགྱུར་འགྲོ་བ་དང་ལྷན་དུ་བོད་པ་ཚང་གི་སྐད་ཡིག་ལ་བོད་པ་རང་གིས་ཀྱང་མཐོང་མེད་པ་ཞིག་ཆགས་སྲིད་པ་ཡིན། དེ་ནི་རྒྱ་གར་ལ་དབྱིན་ཡིག་གི་བཙན་འཛུལ་ཐེབས་ཡོད་པ་ལྟར་ཆགས་ངེས་ཡིན། དེང་སང་རྒྱ་གར་ནི་རང་བཙན་གྱི་རྒྱལ་ཡིན་པ་མ་ཟད། རྒྱ་གར་གྱི་སྐད་ཡིག་ནི་བོད་ཡིག་ལས་ཀྱང་ཕྱུག་པོ་ཡིན་ཟེར་ནས་བཤད་ཀྱང་འགལ་བ་གཏན་ནས་མེད་ན་ཡང་། ད་ལྟའི་འཆར་ཐ་ན་སྙན་ཞུ་ཞིག་བྲིས་ཀྱང་དབྱིན་ཡིག་གི་འབྲི་བཞིན་ཡོད་པའི་རྒྱ་གར་ཚང་ལྟ་བུ་ཆགས་པ་ཡིན་ན། ང་ཚོས་ད་ལྟ་ཤི་འཐམ་རོ་འཐམ་བྱས་དེ་འབྲི་བཞིན་པའི་བོད་ཡིག་འདིས་ཚབ་དུ་ཡང་དབྱིན་ཡིག་འབྲི་དགོས་པ་ཆགས་ཉིན་བོད་པ་ཚང་ཚད་ག་འདྲ་ཞིག་དུ་འགྱུར་ངེས་རེད། ལྷག་པར་དུ་བོད་པ་ཚང་གི་སྐད་ཡིག་སྤྱོང་མཁན་གྱི་ཕྱི་གླིང་བ་མི་ཉུང་བ་ཞིག་གིས་ཀྱང་གཙོ་བོ་ནང་ཆོས་ཤེས་པ་ལས་བོད་ཡིག་མེད་དུ་མི་རུང་བར་བསམ་ནས་སྤྱོང་བཞིན་ཡོད་པ་ལས། བོད་ཡིག་གི་སྟེང་ནས་འཛམ་གླིང་གི་ཤེས་བྱ་གཞན་དག་ཤེས་འདོད་ཀྱི་སྤྱོང་བཞིན་མེད་པ་རེད། འདི་ལྟར་བསམ་བློ་བཏང་ནས་སོང་དུས་རྒྱ་ནག་གི་བཙན་འཛུལ་བོད་ལ་ཐེབས་པ་ལས་དབྱིན་ཡིག་གི་བཙན་འཛུལ་བོད་མིའི་ཁྲོད་དུ་ཐེབས་པ་སྡུག་པ་རེད་ཅེས་བཤད་ཆོག་པ་རེད། གལ་ཏེ་འདི་ཙམ་གྱིས་ཀྱང་གཞིས་ལུས་བོད་པ་ཁྱེད་རང་གི་ངས་བཤད་འདོད་པའི་སྐད་ཆའི་གོ་བ་མ་ལོན་པ་ཡིན་ན་ནི། ངེད་གཉིས་ཀྱིས་ག་ལེར་གླེང་མོལ་བྱས་ན་མ་འགྲིག་པ་ཅི་ཡང་མེད། སྐུ་ཉིད་ལ་འདོད་བློ་གང་ཡོད་པ་དེ་ལྟར་དུ་ལན་འདེབས་གསལ་བོ་ཞིག་བྱོས་དང་། ངས་ཀྱང་རང་གི་གང་ཤེས་ཚོད་ཀྱི་སྐུ་ཉིད་གཙོ་བའི་བོད་ཡིག་ལས་གཞན་ཡིག་ལ་ཡི་རུང་བྱེད་མཁན་དག་ལ་གླེང་མོལ་མཐར་བྱིན་པ་ཞིག་བྱེད་ཆོག དེ་ལྟར་རེད། ད་དུང་མིག་དཔེ་ལྟ་ས་དང་ཉམ་མྱོང་ལེན་ས་དེ་ལས་ཀྱང་མང་བོ་ཞིག་ཡོད་པ་རེད། ཁྱེད་རང་གིས་ཀྱང་སྐད་ཆ་ཞིབ་མོ་ཞིག་དང་གནས་ལུགས་ཡོད་པ་ཞིག་གསུང་རོགས་ཞུ། དེ་མིན་ང་རང་གིས་རིན་ཡོད་མེད་དེ་ནི་སྒོར་མོའི་གོང་ཚད་ནས་གཏན་ནས་བཤད་ཀྱི་མེད། མི་རིགས་ཤིག་གི་འཆི་གསོན་གྱི་གནད་འགག་ལ་བསམ་བློ་མི་གཏོང་བར་གནས་སྐབས་ཀྱི་ཁེ་ཕན་གཉེར་མཁན་གྱི་མི་རིགས་ཀྱི་ཞབས་འདྲེན་པ་དག་གིས་བྱེད་སྟངས་ལ་ཚུགས་པ་ཟ་ནས་བཤད་ཀྱི་ཡོད་པ་ལས་ནང་ཆོས་འཛམ་གླིང་མི་མང་གིས་སྤྱོང་ཐུབ་སོང་བ་ཡིན་ན་ཡག་པོ་མེད་པར་འདོད་པ་ཞིག་ང་རང་གི་སེམས་རྒྱུད་དུ་གཏན་ནས་མེད་དོ།

བོད་པ་ཚང་གི་མི་གཅིག་ཡིན་ཡང་ཤི་མི་རུང་ངོ་།

བོད་པ་ཚང་གི་མི་གཅིག་ཡིན་ཡང་ཤི་མི་རུང་ངོ་།

 

བོད། ལྷ་ཀླུ་གཉན་གསུམ།

 

ངས་འདི་ལྟར་བསམ་བཞིན་ཡོད། དྲ་གྲོགས་ཚོ་ཁྱེད་ཅག་གི་གང་ཞིག་དྲན་བཞིན་ཡོད་དམ།

ཤ་ཁྲག་རུས་གསུམ་གྱི་བརྒྱུད་པ་གཅིག་ལས་མཆེན་པའི་བདག་གི་གཅེས་པའི་བླ་སྲོག་ལས་ཀྱང་གལ་ཆེ་བའི་བོད་མི་སྤུན་ཟླ་རྣམ་པ་ལགས། ཁྱེད་ཅག་གིས་འདི་ལྟར་སེམས་བསམ་པའི་སྐད་ཆ་ནང་ལ་བཤད་དེ་འོང་དུས། ངས་ད་ནི་བོད་པ་འདི་ཚང་གཉིད་ལས་སད་མཁན་གྱི་གྲངས་ཀ་ནི་སྔར་ལས་ཀྱང་མང་དུ་འགྲོ་བཞིན་ཡོད་པ་མཐོང་དུས། སེམས་དགའ་བ་གཅིག་བུ་མ་ཡིན་པར་རེ་བ་ནི་སྟོང་ཟད་ཀྱི་རེ་བ་དང་། རྨི་ལམ་ནི་འཛིན་རེག་མེད་པའི་རྨི་ལམ་ཞིག་མ་ཡིན་པ་ད་གཟོད་རྟོགས་ཀྱི་འདུག བོད་རིགས་ཀྱི་སྤུན་ཟླ་ཚོ། ཁྱེད་ཅག་གིས་ཀྱང་གླེང་བཞིན་ཡོད་པ་བཞིན་ངེད་ཅག་གིས་ད་ནས་བཟུང་ཞི་བའི་ལས་འགུལ་སྤེལ་ལུགས་ཐུན་མོང་མ་ཡིན་པ་ཆེས་མང་བོ་ཞིག་ཡོད་པ་དངོས་སུ་ལག་ལེན་དུ་བསྟར་བའི་དུས་སུ་སླེབས་ཡོད་པ་མ་ཟད། རང་གི་གཅེས་པའི་ཚེ་སྲོག་ལ་ཡང་འགན་ལེན་བྱེད་ཐུབ་པ་དང་བོད་མི་རིགས་ཀྱི་ལ་རྒྱ་ཡང་འཛིན་ཐུབ་པ་སོགས་ཀྱི་ཐབས་ལམ་ཞིག་ཡོད་པ་ནི་བོད་ཀྱི་ཁ་དཔེ་ལ་འཇམ་གྱི་མི་ཐུབ། རྩུབ་ཀྱི་རང་ཐུབ་ཟེར་བ་ལྟར། ད་ནི་གཡོ་དང་ཁྲམ་ཁོ་ནའི་སྲིད་གཞུང་དེ་ལ་ཁ་གཏད་འཇོག་པར། བོད་མི་གཅིག་ནས་བོད་མི་གཅིག་བརྒྱུད་དེ་རང་གི་ལྟོ་ཟས་ཚུན་ཆད་དུ་བོད་པ་རང་གི་ནང་ནས་འཁོར་བའི་ཐབས་ཤེས་སྣ་མང་འཚོལ་དགོས་པ་མ་ཟད། བོད་པའི་སྨན་ཁང་དུ་བོད་པའི་ནད་པ་འགྲོ་བ་དང་། བོད་པའི་ཟ་ཁང་དུ་བོད་པའི་སྐུ་མགྲོན་འགྲོ་བ། བོད་པའི་ཚོང་ཁང་དུ་བོད་པའི་ཅ་ལག་ཉོ་མཁན་འགྲོ་བ། བོད་པའི་མགྲོན་ཁང་དུ་བོད་པའི་མགྲོན་པོ་འགྲོ་བ། བོད་པའི་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་དང་སློབ་གྲ སྨན་ཁང་སོགས་ནས་བོད་པའི་བོད་པ་ལ་ལྟ་སྐྱོང་ལེགས་པོ་བྱེད་པ། བོད་པས་འཇོན་པའི་ལས་ཀའི་རིགས་གང་ཡིན་ཡང་བོད་པས་དབལ་འབྱོར་ཡོད་མཁན་དང་ཚོང་སོགས་གཉེར་མཁན་དག་གིས་བོད་པ་རང་གི་མི་ལ་སྟེར་བ། བོད་པས་སྐད་ཆ་བོད་པ་རང་ལ་བཤད་པ་ལས་ཕྱི་ལ་མི་བཤད་པ། བོད་པ་ཟེར་དུས་གཅིག་ལས་གཉིས་མེད་པའི་སྐད་ཆ་བོད་པ་གཅིག་གིས་གཅིག་ལ་བཤད་དེ་སེམས་སུ་འཇོག་པ། བོད་པས་ས་ཁུལ་ནས་བོད་པ་རང་གི་དཀའ་ལས་རྒྱག་ཐུབ་པ་དང་ལས་ཀ་གང་ཡིན་ཡང་རྒྱ་ནག་གི་ལག་ཤེས་པ་དག་ལ་རེ་བ་བྱེད་དགོས་པའི་ཐབས་ཤེས་ཆུང་ས་ནས་བཟུང་དེ་འཚོལ་ཐུབ་བྱེད་པ། ལྷག་པར་དུ་རྒྱ་ནག་སྲིད་གཞུང་གི་ལས་བྱེད་དག་གི་ཁ་རྩ་སྣ་རྩ་རུ་སོང་དེ་སྐད་ཆ་རྩུབ་མོ་མི་བཤད་པ་དང་རབ་ཡིན་ན་དེ་དག་ལ་འབྲེལ་བ་མི་བྱེད་པའི་ཐབས་ཤེས་གང་ཡོད་བྱེད་པ། རབས་ཡིན་ན་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་མེད་པའི་སློབ་གྲར་བོད་མིའི་བུ་ཕྲུག་བུ་དང་བུ་མོ་ཚོ་སློབ་གྲ་དེའི་རིགས་ཀྱི་ནང་དུ་མི་བསྐྱེལ་བའི་བསྐོར་གྱི་སྐད་ཆ་ཕན་ཚུན་ལ་ངོ་བརྡ་གསལ་བོ་སྤྲོད་ཐབས་ཀྱི་ཐབས་ལམ་འཚོལ་སྟངས་ཤིག་ཇི་ལྟར་རྙེད་མིན་གྱི་ཤེས་ཡོན་པ་དག་ལ་འབྲེལ་བ་བྱེད་པ། དེ་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་ནི་རང་ས་ནས་གཞན་ཡུལ་དུ་མི་བཅར་བའི་སྒོ་ནས་རང་ས་གྲུབ་གཞི་རང་ལ་དབང་བ་དེ་གཏན་ནས་གཞན་ལག་དུ་མི་ཤོར་བའི་ཆེད་དུ་རང་ས་ནས་གནས་ཐུབ་བྱེད་རྒྱུ་སོགས། བོད་པ་ཚང་གི་བྱེད་ཐུབ་པའི་བོད་མིའི་མ་འོངས་པའི་ཆེད་དུ་ལས་འགུལ་ཧ་ལས་པ་དེ་འདྲའི་མང་བོ་ཡོད་པ་རེད། སྤུན་ཟླ་ཚོ་སྲིད་གཞུང་ངན་པའི་ལས་ཁུངས་དག་གི་སྒོ་འགྲམ་དུ་སོང་དེ་སྐད་བརྒྱབ་པ་ལས་ཀྱང་རང་གི་ས་དང་རང་གི་ཚེ་སྲོག་སྲུང་ཐུབ་པ་ཡིན་ནི། དེ་ལས་ཀྱང་བོད་ཀྱི་ལས་འགུལ་ལ་ཕན་པ་ཞིག་ད་ལྟའི་འཆར་ཕལ་ཆེར་མེད་ཚོད་རེད། གང་ཡིན་ཟེར་ན། འཛམ་གླིང་འདིར་བོད་པ་ཚང་གི་གནས་སྟངས་མི་ཤེས་པའི་རྒྱལ་ཁབ་ནི་ཕལ་ཆེར་མེད་ཟེར་ནས་ཆོག་ན་ཡང་། ང་ཚོས་རང་དབང་གི་ཆེད་དུ་ཁོང་ཚོས་དབལ་འབྱོར་གྱི་ཡོང་བབ་སོགས་བློས་མི་གཏོང་བ་ཁ་གསལ་གཏིང་གསལ་ཡིན། དེའི་སྟབས་ཀྱི་སྤུན་ཟླ་ཚོ། ང་ཚོ་བོད་པ་ཚང་གི་མི་གཅིག་ཡིན་ཡང་ཤི་མི་རུང་ངོ་།

བོད་མིའི་སེམས་ནང་གི་དབའ་བོ་ལགས།

བོད་མིའི་སེམས་ནང་གི་དབའ་བོ་ལགས།

 

བོད། ལྷ་ཀླུ་གཉན་གསུམ།

 

རྔ་བའི་དབའ་བོ་བཀྲ་བྷེ་ལགས་ཀྱི་གནས་ཚུལ་བྱུང་རྗེས་སུ་གློ་བུར་དུ་སེམས་ནང་གི་ཚོར་བ་ཟིན་བྲིས་སུ་བཏབ།

ཡིད་སྐྱོ་བའི་གནས་ཚུལ་འདི་འདྲ་ཐོས་དེ་འོང་དུས་སེམས་ཁོང་དུ་རང་དབང་མེད་པར་འདར་སུག་རྒྱག་གི་འདུག་ལ། རང་དབང་མེད་པར་མིག་ཆུའི་མཚོི་མོ་སེམས་ཁོང་གི་མཁའ་རུ་དཀྱིལ། བླ་མ་ལགས་བསྟན་འཛིན་རྒྱ་མཚོ་རྒྱ་མཚོ་ཉེས་མེད་ཀྱི་མི་མང་འདི་དག་གི་སེམས་ཁོང་དུ་དཀའ་ངལ་འདི་འདྲ་ཞིག་སླེབས་ནས་ཁྱེད་རང་དང་ཕྱི་བསྡོད་བོད་མི་དང་བོད་མི་ཚང་མ་ལ་རང་དབང་གི་འབོད་སྒྲ་སྒྲོག་ནས་སེམས་ཁོང་གི་མིག་ཆུ་བདེན་གཏམ་གྱི་གླུ་རུ་བསྒྲགས་ནས་རང་ལུས་མཆོད་མེ་རྐང་གཅིག་གི་ཚུལ་དུ་འབུལ་པ་ནི་དངོས་ནས་ཆེས་རླབས་ཆེན་ཞིག་ཡིན་ན་ཡང་། མི་ཞིག་གི་རང་ཉིད་ཀྱི་ལུས་སྲོག་ལོང་སྤྱོད་ཀྱི་འབོད་སྒྲ་འདི་ཉིད་ཐོས་པ་ནས་སེམས་ཁོང་དུ་འཇོག་ཐུབ་མཁན་གྱི་བོད་མི་རྗེས་རབས་པ་ག་ཚོད་ཅིག་བྱུང་སྲིད་དམ།

དཔའ་བོ་ཁོང་གི་སེམས་ཁོང་དུ་མི་རིགས་ཀྱི་སླར་ཞེན་མེ་རུ་འབར་ཞིང་། མེ་ལྕེ་ལྟ་བའི་རིགས་ཞེན་གྱིས་རང་ཉིད་ཀྱི་ལུས་པོ་དེ་ནི་མར་མེ་རྐང་གཅིག་གི་ཚུལ་དུ་སྒྲོན་ནས་མི་ཡུལ་ནས་བདེན་དོན་བསྒྲགས་ཞོར་དུ་ང་ཚོ་བོད་པ་ཕྱི་རབས་པ་དག་ལ་ཚེ་སྲོག་གི་འདོད་འགུགས་རང་བཞིན་གྱིས་བརྗེད་ཐོ་དེ་ནི་ང་ཚོའི་མིག་ཟུང་གི་མ་མཐོང་ཡང་སེམས་ཁོང་གི་དྲན་གཟུགས་སུ་ནམ་ཡང་མི་འདོར་བར་བཞག་པ་དེ་ནི་ང་ཚོ་རེ་རེ་ནས་ནམ་ཡང་བརྗེད་མི་རུང་ངོ།

ར་རྒྱའི་དབའ་བོ་བཀྲ་ཤིས་བཟང་བོ་མཆོག་གི་རྗེས་དྲན་ཚུལ་དུ།

གཏམ་ནི་རྒྱང་རིང་ཡུལ་ནས་ཐོས།།
སེམས་ནི་རྒྱང་རིང་ཡུལ་ནས་སྐྱོ།།
ཁྱེད་ཀྱི་ཚེ་སྲོག་བོད་དོན་ཕུལ།།
ང་ཚོས་ཚེ་སྲོག་རང་དོན་འཚོ།།
བོད་ཀྱི་དབའ་བོ་ཁྱེད་འདྲ་ཚོ།།
གཅིག་རྗེས་གཅིག་གི་མཐུད་དེ་སོང་།།
ལས་ངན་སྡར་མ་ང་ཚོ་ནི།།
ཐག་རིང་ཡུལ་དུ་བྲོས་དེ་སོང་།།
ཡིན་ཡང་ཐག་རིང་སྤྲང་འཁྱམ་ཚོ།།
རང་དབང་ཡོད་པ་བདེན་ན་ཡང་།།
རང་ས་མེད་པའི་རང་དབང་ནི།།
མིང་ཚིག་སྐམ་པོ་ཞིག་ལས་ལྕི།།
རང་ཡུལ་རང་དབང་མ་ཐོབ་པར།།
ཇི་སྲིད་བོད་པ་མ་འཇིགས་བར།།
ནམ་ཡང་ཁྱེད་ཅག་བོད་པ་ཚོས།།
བརྗེད་མེད་སེམས་ཀྱི་རྡོ་རིང་ཡིན།།

ལུ་ཐང་གི་དབའ་བོ་ཆོས་སྐྱོང་ཚེ་རིང་ལ་ཕུལ་བ།

ཕོ་ལོ་བཅོ་བརྒྱད་བློ་ནི་ཕ་མི་འདྲི།།
གསར་རྒོད་དར་མའི་རང་གཤིས་ཡོད་རབས་བཤད།།
དེ་རིང་ཐོས་པའི་དབའ་རྒོད་ལོ་ཆུང་འདིས།།
བོད་ཀྱི་བདེན་དོན་ཆེད་དུ་རང་གཅིག་བུ།།
སྟག་རྒོད་ནགས་ནས་ཤོར་བ་ཇི་བཞིན་དུ།།
རང་གི་གཅེས་པའི་སྲོག་དང་འཚོ་དགོས་སོགས།།
རྒྱབ་ནས་བཞག་ནས་བོད་ཀྱི་རང་དབང་དོན།།
སྐད་འབོད་ཐེངས་ཤིག་བྱས་པའི་དབའ་སྐད་དེ།།
འཛམ་གླིང་ཁོར་ཡུག་ཟླུམ་པོ་ཅོང་བརྡ་བསྒྲགས།།

བོད་ནང་གི་བོད་མི་ཞིག་ལ་སྤྲིངས།

བོད་ནང་གི་བོད་མི་ཞིག་ལ་སྤྲིངས།

·         བོད། ལྷ་ཀླུ་གཉན་གསུམ།

 

བོད་ནང་གནས་པའི་བོད་མི།།
བོད་མིའི་ཁོག་གི་སྙིང་རེད།།
སྙིང་ལ་གས་ཆག་བཏང་དུས།།
ང་ཚོ་སེམས་པ་སྐྱོ་སོང་།།

སེམས་པ་སྐྱོ་དང་མ་སྐྱོ།།
ང་ཚོ་བོད་པའི་སེམས་རེད།།
སྐྱོ་བའི་སྨྲེ་སྔགས་ཐོས་མཁན།།
འཛམ་གླིང་མི་ནི་དཀོན་པོ།།

བོད་དོན་བོད་མིས་ལོས་བྱེད།།
ཡིན་ཡང་དེ་རིང་ནང་ཀ།
ཕྱི་བསྡོད་བོད་མི་མང་བོ།།
བོད་སེམས་བརླག་པ་མང་གི།

བོད་ཡུལ་བོད་ཀྱི་ལྗོངས་སུ།།
བོད་མིའི་རྩ་དོན་ཆེད་དུ།།
བོད་མིས་རང་གི་ཚེ་སྲོག།
རང་དབང་ཆེད་དུ་འབུལ་ཐུབ།།

ཕྱི་བསྡོད་བོད་མི་དག་གིས།།
དུས་ཚོད་གཅིག་གཉིས་ཤིག་དང་།།
ཉིན་མ་གཅིག་གཉིས་དེ་ཡང་།།
བོད་དོན་ཆེད་དུ་དཀའ་མོ།།

འདི་འདྲའི་ཕྱི་བསྡོད་བོད་མི།།
ཁ་ལས་ལག་པ་མེད་པར།།
གཅིག་གིས་གཅིག་ལ་ངན་བརྗོད།།
ཉིན་མཚན་སྟོང་གཟད་བྱེད་ཀི།

བོད་ཡུལ་ཁམས་ན་གནས་པའི།།
རྒྱ་ཆེ་བོད་ཀྱི་མི་དམངས།།
རྒྱལ་བའི་བཀའ་སྲུང་བརྩིས་དེ།།
རང་གི་ཚེ་སྲོག་སྲུང་དགོས།།

བོད་ཡུལ་དུ་སྤྲིངས་པ།

བོད། ལྷ་ཀླུ་གཉན་གསུམ།

བོད་ཡུལ་དུ་སྤྲིངས་པ།

སྐྱིད་སྐྱིད་འདྲ་བའི་སྣང་བ་རླབས་རྩེ་རུ་གཞུར་གྱང་།།
སྡུག་སྡུག་འདྲ་བའི་ཚོར་བ་འགོག་མེད་དུ་སླེབས་ནས།།
བོད་ཡུལ་བཙན་བཟུང་བྱོས་དེ་མི་ལོ་རང་ལྔ་བཅུ།།
འཁོར་བའི་ཉིན་མོ་དེ་རིང་བོད་ནང་གི་མི་རྣམས།།
འཆི་གསོན་རང་དབང་བྲལ་བའི་ངང་ཚུལ་རང་དྲན་དུས།
ཡུན་རིང་ས་མཐར་ལུས་པའི་བོད་མིང་ཙམ་ཐོབ་པའི།།
ནུས་མེད་སྤྲང་འཁྱམ་ཁོ་བོའི་སེམས་ཁོང་གི་འཕར་ལྡིང་།།
གཅིག་ལས་གཅིག་མགྱོགས་རྔམ་དྲག་འཇིགས་གཡེར་གྱི་ཚོར་བ།།
དཀར་གཙང་ཤོག་བུའི་ངོས་སུ་སྐྱུག་ཐབས་རང་མེད་ཀྱང་།།
ནང་གི་ཤེས་པ་འདི་ཡི་ན་ཟུག་གི་གྱོང་ནད།།
དུ་བའི་གཞུར་རྒྱུན་འདྲིས་དེ་མཁའ་དབྱིངས་སུ་འཕུད་དུས།།
གཤོག་རྩལ་ངོམ་བཞིན་རྒྱང་རིང་ཡུལ་ཕྱོགས་སུ་འགྲོ་བའི།།
བྱ་དང་བྱེའུ་ཚོགས་ལ་འཕྲིན་ཡིག་འདི་སྤྲིངས་ཡོད།།
སེམས་ཀྱི་འདུས་པ་བོད་ཀྱི་ཕྱོགས་སུ་གཞུར།།
ལུས་ཀྱི་འབྲེལ་ཐག་ཕྱི་རོལ་ཡུལ་དུ་འཚོ།།
ལུས་སེམས་ཁ་ཁར་གྱུར་བའི་བར་ཐག་འདིས།།
མི་ལུས་འདི་ལ་སུན་བཙེར་སྣ་དགུ་བྱེད།།
འགྲོ་ན་འདོད་པ་བོད་ཡུལ་གངས་ལྗོངས་ཡིན།།
འགྲོ་སའི་ཡུལ་དེར་རང་དབང་གཏན་བྲལ་བ།།
འགྲོ་བ་མི་རུ་སྐྱེ་ཡང་འགྲོ་བ་མིའི།།
འགྲོ་བ་སྤྱི་མཚུངས་བཞིན་དུ་མེད་འདི་སྐྱོ།།
ཤ་ཁྲག་རུས་གསུམ་གཅིག་པའི་བོད་ཡུལ་གྱི་སྤུན་ཟླ།།
ལས་འགུལ་གང་ཞིག་སྤེལ་ཡང་༧གོང་ས་ཡི་ཐུགས་དང་།།
འགལ་མེད་ཞི་བའི་ལམ་སྟོན་ཁོ་ན་རུ་འབུངས་དེ།།
གཅེས་པའི་ཚེ་སྲོག་སྲུང་ལ་འོས་འགན་རང་མ་ནོར།།

༡༠།༣།༠༩བྲིས།

༢༠༠༩ ལོར་སྒྲུབ་ཐུབ་པའི་ལས་འགུལ་དགུ།

༢༠༠༩ ལོར་སྒྲུབ་ཐུབ་པའི་ལས་འགུལ་དགུ།

ལུང་རྟོགས།

 

ཕྱི་ལོ་༢༠༠༨་ལོར་བོད་རིགས་མང་པོའི་ཚེ་སྲོག་ཤོར་བ་དང་མང་པོ་ཞིག་གིས་རྡུག་རྡེག་མྱང་པ་སོགས་གང་ལྟར་མི་རྒྱུ་གཉིས་ལ་གྱོང་གུན་བསམ་ཡུལ་ལས་འདས་པ་ཞིག་ཕོག་པ་རེད། འོན་ཀྱང་། བོད་མི་ཚོར་སྔར་ལས་ལྷག་པའི་བློ་སྟོབས་དང་སྔར་ལས་ལྷག་པའི་གཅིག་གྱུར། སྔར་ལས་ལྷག་པའི་སེམས་འཚབ་ཀྱང་བྱུང་ཡོད་པ་རེད། མདོར་བསྡུས་ནས་བཤད་ན་ང་ཚོ་བཙན་པོའི་གདུང་རྒྱུད་ཡིན་པ་དང་ང་ཚོར་འགྱེལ་ས་ནས་ལངས་ཐུབ་པའི་སྙིང་སྟོབས་ཡོད་པ་འཛམ་གླིང་མི་དམངས་ཀྱིས་མཐོང་ཐུབ་པ་བཟོས་ཡོད། ཡང་ང་ཚོས་གསལ་བོར་ཤེས་དགོས་པ་ཞིག་ལ་ང་ཚོའི་རྒྱབ་ཏུ་རྒྱལ་ཁབ་གཞན་གྱི་དྲག་པོའི་དམག་དཔུང་མེད་ལ། ང་ཚོའི་རྒྱབ་ཏུ་དཔལ་འབྱོར་གྱི་སྟོབས་ཤུགས་ཀྱང་མེད། ང་ཚོ་ཡོད་པ་ནི་བདེན་པ་གཅིག་པོ་ཡིན། བདེན་པའི་མཚོན་ཆ་ལ་དམག་དཔུང་གི་རྔམས་ཟིལ་དང་དཔལ་འབྱོར་གྱི་གནོན་ཤུགས་མེད་ཀྱང་། བདེན་པའི་མཚོན་ཆ་ལ་ཕ་རོལ་དགྲ་དཔུང་ཕམ་པར་རྒྱག་ཐུབ་པའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡོད། དེ་བས་བོད་མི་ཚོས་རང་ཉིད་ཀྱི་བདེན་པ་དང་རང་ཉིད་ཀྱི་མངོན་འདོད་སྐད་གསེང་མཐོན་པོར་སྒྲོག་བཞིན་རང་ཉིད་ཀྱི་བདེན་དོན་རྩོད་པ་དེ་བོད་མིའི་ལས་འགན་ཡིན་ལ་ང་ཚོས་ངེས་པར་དུ་སྒྲུབ་ཐུབ་པ་ཞིག་ཀྱང་ཡིན། ༢༠༠༨་ལོ་ང་ལ་མཚོན་ན་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཡིན་པས་རྟག་པར་བསམ་གཞིག་གི་ཀློང་དུ་ལྷུང་བ་དང་། ད་ལྟ་ཡང་བོད་གངས་ཅན་ལྗོངས་སུ་སྙིང་སྟོབས་ཅན་གྱི་བོད་མི་ཚོས་རང་སྲོག་ཕངས་མེད་གཏོང་བའི་གནས་ཚུལ་ཐོས་ཐེངས་རེར་སྐྱོ་གདུང་གི་མཆི་མ་སེམས་སུ་བབས་ནས་དཔའ་བོ་དཔའ་བོ་ཚོས་མཛད་བཟང་ལ་རྗེས་སུ་ཡི་རངས་དང་། མ་འོངས་བར་བོད་མི་ཚོས་རང་ཉིད་ཀྱི་གཅེས་སྲོག་རིན་ཆེན་ཡ་ང་སྙིང་རྗེ་བྲལ་བའི་རྒྱ་གཞུང་ལ་དོན་མེད་དུ་མི་སྤྲོད་པར་ཉེན་ཁ་ཆུང་བའི་ལས་འགུལ་ཕྱོགས་སུ་བསམ་བློ་གཏོང་རྒྱུ་གལ་ཆེ་བར་མཐོང་།
ངས་འདིར་སྒྲུབ་ཐུབ་ཅིང་ཉེན་ཁ་མེད་པའི་ལས་འགུལ་དགུ་བོད་མི་ཚོར་ངོ་སྤྲོད་བྱེད་འདོད་བྱུང་།

1. བོད་ཆོལ་ཁ་གསུམ་གྱི་ལོ་ཐོ་གཅིག་གྱུར་རམ་ལོ་གསར་གྱིས་མཚོན་དུས་ཆེན་རྣམས་གཅིག་གྱུར་ཡོང་ཐུབ་པ་བྱེད་རྒྱུ།
2.
བོད་མི་ཚོས་རང་ཉིད་ཀྱི་ཐོན་རྫས་བེད་སྤྱོད་གཏོང་རྒྱུ་དང་རྒྱ་མིའི་ཅ་དངོས་བེད་སྤྱོད་ཉུང་དུ་གཏོང་ཐུབ་བྱེད་རྒྱུ།
དཔེར་ན། བོད་པའི་ཚོང་ཁང་དང་བོད་པའི་ཟ་ཁང་ནང་འགྲོ་བ་སོགས། དེ་ཡང་སྲོལ་རྒྱུན་གྱོན་གོས་དང་སྲོལ་རྒྱུན་ནང་ཆས་སོགས་ལ་དོ་སྣང་ཡོང་ཐབས་བྱེད་རྒྱུ།
3.
དགོན་པའི་གྲྭ་བཙུན་ཁག་གིས་མི་མང་གི་བདེ་སྡུག་ལ་ལྟ་རྟོག་བྱེད་རྒྱུ། མི་མང་སྐྱོ་བོའི་ཆེད་དུ་དཔལ་འབྱོར་འདུ་འགོད་བྱེད་པ།
གྲྭ་བཙུན་གྱིས་བོད་མིའི་མི་ཤུགས་ཀྱི་ཚད་ངེས་ཅན་ཞིག་བཟུང་ཡོད་པས་ཚེ་གང་དགོན་པར་བསྐྱལ་བའི་སྲོལ་རྒྱུན་དེ་ལ་འགྱུར་བ་
དགོས་མིན་བགྲོ་གླེང་ངེས་པར་གནང་རྒྱུ།
4.
མཁས་དབང་དང་དགེ་བཤེས་གཙོ་ཁྲིད་ཀྱིས་བོད་མི་ཚོར་བོད་ཀྱི་གཏིང་ཟབ་པའི་རིག་གཞུང་ངོ་སྤྲོད་ཀྱི་བགྲོ་གླེང་ཚོགས་འདུ་སོགས་སྐོང་རྒྱུ།སྐད་ཡིག་གཅིག་གྱུར་ཡོང་ཐབས་དང་སོ་སོས་ས་གནས་སུ་བོད་ཡིག་བོད་སྐད་བེད་སྤྱོད་གཏོང་ཐབས་ལ་འབད་བརྩོན་ཞུ་རྒྱུ།
5.
བོད་མི་ཚོས་རང་ཉིད་ཀྱི་གཙང་སྤྲ་ལ་དོ་སྣང་དང་ལྷག་པར་འགོས་ནད་རིགས་ལ་འཛེམ་ཟོན་བྱེད་རྒྱུ། དཔེར་ན། ས་ཁུལ་ཁག་ཅིག་ཏུ་གཞང་ཁང་འཛུགས་པ་སོགས་ཁྲིམས་འགལ་གྱི་རིགས་དེ་དག་འགོག་ཐུབ་བྱེད་རྒྱུ།
6.
རང་བྱུང་ཐོན་ཁུངས་ནི་བོད་མིའི་མ་འོངས་བའི་མི་རབས་ཚོའི་རྟེན་གཞི་ཡིན་པས་དེ་དག་སྲུང་སྐྱོབ་བྱེད་རྒྱུ་ནི་གལ་གནད་ཆེན་པོ་ཡིན། གཏེར་ཁ་སྔོག་མཁན་སུ་ཡིན་མིན་དང་ཁེ་ཕན་སུ་དང་གང་ལ་འགྲོ་གི་ཡོད་མེད་ཞིབ་འཇུག་གནང་རྒྱུ།
7.
ཕྲུ་གུ་རྣམས་བོད་ཀྱི་མ་འོངས་པའི་སོན་རྩའམ་བོད་ཀྱི་བདག་པོ་ཡིན་པས་ཁོ་ཚོར་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུ་ནི་གལ་ཆེ་ཤོས་ཀྱི་ལས་དོན་ཞིག་ཡིན་པ་ཤེས་རྟོགས་ཡོང་ཐུབ་པ་བྱེད་རྒྱུ།

8. བོད་ཀྱི་ཆོས་དང་རིག་གཞུང་ལ་འཛམ་གླིང་ཕྱོགས་གང་ས་ནས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པས་ཆོས་རིག་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེ་བ་དང་། དུས་དང་ཁོར་ཡུག་ལ་བསྟུན་ནས་བསྒྱུར་བཅོས་ངེས་པར་དུ་གཏོང་དགོས་པ་ཡང་གནད་འགག་ཆེན་པོ་ཡིན་པར་མཐོང་།
9.
བོད་རིགས་ཚོང་བ་དང་འབྱོར་ལྡན་ཚོས་བོད་རིགས་སྐྱོ་བོ་ཚོས་དཀའ་ངལ་སེལ་ཐབས་ལ་སེམས་ཁུར་བླངས་ནས་ས་གནས་ས་ཐོག་ཏུ་མ་དངུལ་འཇོག་པ་དང་ཚོང་ལས་གཉེར་བ་སོགས་གནང་རྒྱུ།

རང་ཉིད་ཕ་ཡུལ་གངས་ལྗོངས་དང་བྲལ་ནས་རྒྱང་རིང་རང་དབང་གི་ལུང་པར་སྟོང་གཏམ་ཤོད་པའི་ཐོབ་ཐང་མེད་ཀྱང་གོང་གི་དོན་ཚན་ཁག་ནི་སྒྲུབ་ཐུབ་ཅིང་ཉེན་ཁ་ཆུང་བའི་ལས་འགུལ་ཁག་གཅིག་ཡིན་པར་མཐོང་བས་བསམ་ཚུལ་འདི་དག་མཁྱེན་དཔྱོད་ཡངས་པ་དག་གི་བགྲོ་གླེང་གི་ས་བོན་ཙམ་དུ་འབུལ་བ་ལགས། བགྲོ་གླེང་མེད་ན་ཡར་རྒྱར་མེད་ཅེས་པ་ལྟར་ང་ཚོས་ངེས་པར་དུ་མུ་མཐུད་བགྲོ་གླེང་གནང་དགོས།།
བོད་རྒྱལ་ལོ། ༢༠༠༩།༠༢།༢༥ ཉིན།

ལོ་གསར་ཚེས་གཅིག་ཉིན་སྤེལ་བའི་ཞི་རྒོལ།

ལོ་གསར་ཚེས་གཅིག་ཉིན་སྤེལ་བའི་ཞི་རྒོལ།

 

12༄༅།།   ཕྱི་ཟླ་ ༢  ཚེས་ ༢༥  བོད་ས་གླང་ལོའི་ལོ་གསར་ཚེས་གཅིག་ཉིན།   ཨ་རིའི་མངའ་སྡེ་བུ་རྒྱས་གནས་ཤར་ལྷོ་བསུ་དཔལ་དང་།    རྒྱལ་ས་ཝ་ཤིན་ཀྲོན་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱིས་གོ་སྒྲིག་འོག   བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་མི་གྲངས་བརྒྱ་ལྷག་རྒྱལ་ས་ཝ་ཤིན་ཀྲོན་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་འཛོམས་ཏེ།    གཞིས་ལུས་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་ཆེད།   ཞི་བའི་ངོ་རྒོལ་སྤེལ་ཡོད་པ་རེད།    དེ་ཡང་ཕྱི་ལོ་ ༢༠༠༨ ལོར།   བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་བས།   རྒྱ་ནག་འཇིགས་སྐུལ་སྲིད་གཞུང་གིས།   ཡ་ང་དང་སྙིང་རྗེ་སྤུ་ཙམ་མེད་པར་བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་དང་།    སྟོང་ཕྲག་མང་པོ་བཙན་བཟུང་དང་བཙོན་འཇུག   དེ་ལས་མང་བ་གར་སོང་ཆ་མེད་དུ་གྱུར་བ་སོགས་ཡ་ང་བའི་དོན་རྐྱེན་དེར།    རྗེས་དྲན་དང་མྱ་ངན་གུས་འདུད་ཞུ་སླད།    བོད་ཀྱི་ལོ་གསར་ཚེས་གཅིག་ཉིན།   འཛམ་གླིང་རྒྱལ་ཁབ་སོ་སོར་གནས་པའི་བོད་མི་ཡོངས་ཀྱིས་རྒྱ་ནག་གཞུང་ཚབ་ཁག་ཏུ་ཞི་བའི་ངོ་རྒོལ་གནང་ཡོད་པ་རེད།   

ལས་འགུལ་འདིའི་ཐད་རྒྱ་ནག་འཇིགས་སྐུལ་སྲིད་གཞུང་གིས།   ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་ད་ལོར་བོད་གཞིས་བྱེས་གཉིས་ནས་ལོ་གསར་དགའ་སྟོན་མི་བྱེད་པའི་ངན་སྐུལ་བྱས་ཡོད་ཅེས་སྐྱོན་འཛུགས་བྱེད་བཞིན་ཡོད་མོད།    ལས་འགུལ་འདི་ནི་ཐོག་མར་བོད་མི་དཀྱུས་མའི་ཁྲོད་ནས་རང་འགུལ་གྱིས་བྱུང་བའི་ལས་འགུལ་ཞིག་ཡིན་པ།    གངས་རིའི་མིག་ཆུ་དྲ་གནས་ཐོག་བཀོད་པའི་རྩོམ་ཡིག་ཁག་ཏུ་བལྟས་པ་ཙམ་གྱིས་ཤེས་པར་འགྱུར་ལ།    ད་དུང་བཙན་བྱོལ་བོད་གཞུང་གིས་ད་ལོར་བོད་ཀྱི་ལོ་གསར་ཉིན་ཆོས་ལུགས་ཀྱི་མཛད་སྒོ་ཁག་ལས་དགའ་སྟོན་མེད་པའི་ཁྱབ་བསྒྲགས་ཕྱི་ཟླ་གཉིས་པའི་ནང་གནང་ཡོད་ཅིང་།    བོད་མི་དཀྱུས་མའི་ཁྲོད་ཀྱི་ལས་འགུལ་འདིའི་འགོ་ན་ནིང་གི་ཕྱི་ཟླ་བཅུ་གཅིག་པའི་ནང་ནས་བཙུགས་ཡོད་པ་རེད།    དེར་བརྟེན་རྒྱ་ནག་འཇིགས་བསྐུལ་སྲིད་གཞུང་གིས་རྒྱུན་པར་འདི་ལྟར་གཞི་མེད་སྐྱོན་འཛུགས་བྱེད་བཞིན་ཡོད་པ་ཡང་ཞོར་ལ་ཤེས་དགོས་སོ།། 

  

མེ་མདའི་འོག་གི་ལོ་གསར།

new-year-under-the-gun

རྒྱ་ནག་གི་དམག་མི་རྣམས་ལ་སྤྲིངས་པའི་འཕྲིན།

རྒྱ་ནག་གི་དམག་མི་རྣམས་ལ་སྤྲིངས་པའི་འཕྲིན།

·         བོད། ལྷ་ཀླུ་གཉན་གསུམ།

 

་་་་་་་་་་་་་་་་་་ངའི་ནང་མི་ཚོ་གནོད་འཚེ་མ་གཏོང་རོགས།

ཁྱེད་ཅག་གིས་བསམ་བློ་ཞིག་གཏོང་རོགས་ཞུ། ཁྱེད་ཅག་གིས་མེ་མདའ་བཟུང་ དེ་ངེད་ཚང་གི་ནང་དུ་ཡོང་ནས་ཉེས་མེད་ཀྱི་ངའི་ནང་མི་དག་ལ་མེད་མདའ་བཙུགས་དེ་ རང་ཉིད་ནི་གཡུལ་ས་གང་རུང་ཞིག་ནས་དགྲ་བོ་ལག་དམར་ཞིག་ལ་འཐབ་པའི་དབའ་བོ་བཞིན་ཉེས་མེད་ཀྱི་བདག་གི་ནང་མི་དག་གི་འགྲོ་འདུག་བསྐྱོད་གསུམ་ལ་མེ་མདའི་ཁ་བརྡ་ བྱས་དེ་ཁ་ལ་མི་ཉན་ན་མེ་མདའ་འདི་ནི་ཁྱེད་ཅག་མེད་པར་གཏོང་བྱེད་དུ་ཆེད་དུ་ང་ ཚོས་སྲིད་གཞུང་གིས་བཟོས་པ་རེད་ཟེར་ནས། ལོ་ན་རྒན་གཞོན་གཞོན་དང་སྐྱ་སེར་ལ་དབྱེ་བ་མེད་པར་འཇིགས་སྐུལ་དང་དྲག་གནོན་བྱེད་ཐེངས་རེར་ང་རང་གི་སེམས་ནང་དུ་ས་མཐའ་ནས་གཟོད་དུ་མེད་པའི་སྡུག་བསྔལ་ཞིག་སྤྲོད་བཞིན་འདུག

ངས་ཁྱེད་ཅག་ལ་ང་ཚོ་ཚང་མ་མི་ཡིན་པ་འདྲ་མཉམ་གྱི་ཚོར་བ་ཞིག་ཡོད་པའི་སྒང་ནས་དེ་རིང་འདི་ནས་རེ་འབོད་ཞིག་བྱེད་རྒྱུ་ཡིན། ངེད་ཅག་མི་རིགས་གཉིས་ནི་གནའ་སྔ་མོ་ནས་ཁྱིམ་ཚེས་བྱས་དེ་བསྡད་པ་ཡིན་ལ་དུས་དེ་རིང་གི་བར་དུ་བཟང་ངན་གྱི་གོ་རིམ་ཡང་མང་བོ་ཞིག་ལོ་རྒྱུས་སྨྲ་བ་དག་གིས་ཡིག་ཚང་ཁྲི་སྟོང་མང་ བོ་ཞིག་གི་ནང་དུ་ལོ་རྒྱུས་ཀྱི་གླེགས་བམ་བརྩིགས་ཡོད་ཀྱང་། ངས་དེ་དག་གླེང་ན་མི་འདོད་པར། ངས་དེ་རིང་དེ་ད་ལྟའི་དངོས་ཡོད་གནས་ཚུལ་ཞིག་གླེང་ན་འདོད། དངོས་ཡོད་གནས་ཚུལ་ནས་བཤད་པ་ཡིན་ན་ནི། ཁྱེད་ཅག་ཡང་མི་ཞིག་ཡིན་ལ་ངེད་ཅག་ཡང་མི་རེད། མི་ཚང་མ་འདྲ་མཉམ་གྱི་བསམ་ཚུལ་ཞིག་ཡོད་པ་ནི། རང་རང་ལ་དོན་མེད་དུ་སྡུག་གྱོང་གཏོང་མཁན་ལ་སུས་ཀྱང་དགའ་བསུ་མི་བྱེད་པ་ནི་བཤད་མི་དགོས་པ་དེ་རེད། དེས་ན་ཁྱེད་ཅག་གི་རང་སྟེང་དུ་དཔེ་ཞིག་བློངས་དང་། མི་ཞིག་ཁྱེད་ཅག་གི་ནང་མི་དག་གིས་ནང་དུ་འོང་ནས་དོན་མེད་དུ་དམར་གསོད་དང་བཙོན་འཇུག ཉེས་བརྡུང་། འཕྲོག་བཅོམ། ཁྱེད་ཀྱི་བྱིས་པ་དག་གི་དུས་ཚོད་བཟང་བོ་ཞིག་ཡོད་པ་དེ་དག་མེད་པར་གཏོང་བ། ཁྱེད་ཀྱི་ཨ་མ་ཡུག་སར་འཕུད་པ། ཁྱེད་ཀྱི་སྲིང་མོར་བཙན་གཡབ་བྱེད་པ། ཁྱེད་ཀྱི་སྤུན་ཟླ་མིང་སྲིང་དག་བཙོན་དུ་འཇུག་པ། ཁྱེད་ཀྱི་ནང་མི་ཁ་འཐོར་དུ་གཏོང་བ། ཁྱེད་ཀྱི་རིགས་དག་དོན་མེད་མེ་མདའི་འོག་ནས་འཚོ་དགོས་པའི་དུས་ཚོད་ཅིག་བྱུང་ན་ཁྱེད་ཅག་གི་སེམས་ནང་དུ་གང་ཞིག་དྲན་སྲིད་དམ། ནམ་ཞིག་གོ་སྐབས་བྱུང་ན་ངས་དགྲ་ཤ་ལེན་དགོས། ནམ་ཞིག་དུས་ཚོད་བྱུང་ན་ངས་མི་ངན་དེ་དག་རྩ་མེད་དུ་གཏོང་དགོས། ནམ་ཞིག་ང་ལ་དབང་ཆ་རེག་ན་ངས་ཁྲག་ལན་ཁྲག་གིས་འཇལ་དགོས་བསམ་སྲིད་དམ། དེ་འདྲ་མི་རབས་ནས་མི་རབས་ཀྱི་འགལ་ཟླར་བཟོ་མཁན་གྱི་གཏེ་བོ་དེ་དག་སུ་ཞིག་དོན་དངོས་སུ་བྱེད་འདོད་ཡོད་མཁན་ཡོད་སྲིད་དམ། ཡོད་མི་སྲིད། བསམ་བློ་ཞིབ་མི་ཞིག་བཏང་ན་ང་ཚོ་ཚང་མ་མི་རེད།

ཁྱེད་ཅག་གིས་ཐུགས་བསམ་ཞིག་གནོང་དང་། ལོ་ངོ་ལྔ་བཅུའི་གོང་དུ་ཁྱེད་ཅག་གི་མི་ཞིག་གི་ཟུར་ཆ་ཙམ་ཞིག་ལ་རི་པུན་(ཉི་ཧོང་)གྱིས་བཙན་འཛུལ་བྱས་པའི་ལོ་རྒྱུས་དེ་དག་འཇིག་སྒྲུལ་ནས་ལོ་ངོ་ལྔ་བཅུ་འགྲོ་བཞིན་ཡོད་ཀྱང་། ཁྱེད་ཅག་གིས་མི་རིགས་ཀྱིས་ད་དུང་ཡང་རི་པུན་གྱི་མི་རིགས་དེ་དག་གིས་ བཙན་འཛུལ་བྱས་པའི་བསྐོར་གྱི་གློག་བརྙན་སྒྲོ་འདོག་མང་བོ་ཞིག་བྱས་དེ་རྒྱ་མི་ རིགས་ཀྱི་སེམས་ཁོང་དུ་རི་པུན་ལ་སྙིང་ནད་ཡོད་པ་ཞིག་ད་ལྟ་ཡང་བཟོ་བཞིན་ཡོད་པ་དེ་དག་ལ་བལྟས་དང་། མ་འོངས་པའི་བོད་དང་རྒྱ་མི་རིགས་ཀྱི་བར་དུ་ཡང་དེ་ལྟར་མི་ཡོང་བ་ཞིག་མི་འདོད་དམ། ཁྱེད་ཅག་མ་འོངས་རྒྱ་བོད་གཉིས་ཀྱི་མི་རབས་དག་གི་སེམས་ནང་གི་དགྲ་ཟླར་བཟོ་མཁན་གྱི་ཉེས་ཅན་པ་དེ་དག་བྱེད་འདོད་འདུག་གམ། ཁྱེད་ཅག་གིས་སྲིད་གཞུང་ངན་པའི་བཀོད་འདམས་འོག་རང་གི་འཚོ་བའི་ཆེད་དུ་དེ་འདྲ་བྱེད་ཀྱི་ཡོད་པ་མ་གཏོགས། སེམས་གཏིང་ནས་ཁྱེད་ཅག་གིས་ངེད་ཚང་གི་མི་རིགས་ལ་སྙིང་ནད་ཞིག་ཡོད་དགོས་དོན་མེད་པ་རེད། དེ་འདྲ་ཞིག་མ་རེད་དམ། ད་ལྟ་བསམ་བློ་བཏང་ནས་མེ་མདའ་དེ་དག་གི་ནང་གི་རྡེའུ་དེ་དག་ཉེས་མེད་ཀྱི་ངའི་ནང་མི་དག་གི་ཚེ་སྲོག་གི་དགྲ་བོ་མི་ཆགས་པར་འབོད་སྐུལ་བྱེད་རྒྱུ་ཡིན།

ཁྱེད་ཅག་གིས་ན་ནིང་ངའི་ནང་མི་མང་བོ་ཞིག་བུད་མེད་མང་བོ་ཞིག་ཡུག་སར་འབུད་དུ་བཅུགས་པ་དང་བྱིས་པ་མང་བོ་ཞིག་ད་ཕྲུག་དུ་བཏང་བ། སྐྱ་སེར་མང་བོ་ཞིག་འཆི་ལམ་དུ་རྫོངས་པ། ཉེས་མེད་མང་བོ་ཞིག་ལ་བཅར་བརྡུང་བྱས་པ། དེ་ལས་ཀྱང་མང་བ་ཞིག་བཙོན་དུ་བཅུགས་པ། ད་དུང་དེའི་འགྲིག་གི་མི་འདུག་གམ། ད་ལོ་ཡང་ཁྱེད་ཅག་གིས་སྔར་ལས་ཀྱང་མེ་མདའ་ དང་ཚོན་ཆའི་རིགས་ཇེ་མང་དུ་བཏང་ནས་ངའི་ནང་མི་གང་ན་ཡོད་པ་དེ་དག་གི་མཐའ་ཡོངས་སུ་བསྐོར་ནས་སླར་ཡང་འཇིགས་སྣང་སྐུལ་བཞིན་ཡོད་པ་དེ་དག་ལ་མཚམས་འཇོག་ཞིག་བྱེད་ ཐུབ་པ་ཡིན་ན་ནི། ང་དང་བཅས་པའི་ས་མ་མཐའ་ན་ཡོད་པའི་ངའི་མི་རིགས་ཀྱིས་ཀྱང་ཁྱེད་ཅག་ལ་སྙིང་ནད་ འཛིན་མི་སྲིད་པའི་བསྐོར་གྱི་ཁ་བརྡ་སློབ་གསོ་མང་བོ་ཞིག་ངའི་མི་རིགས་ལ་བྱེད་ ངེས་ཡིན། མི་ཟེར་བ་ནོར་འཁྲུལ་རེ་ཟུང་ཡོང་མི་སྲིད་པ་མ་རེད། སྔོན་ཆད་ཀྱི་ནོར་འཁྲུལ་སུ་ལ་ཤོར་ཡོད་ཀྱང་དེ་དག་ལ་ང་ཚོས་བཟོད་བསྒོམ་བྱེད་ཆོག གལ་ཏེ། ད་དུང་ཡང་། ཁྱེད་ཅག་གིས་ནམ་ཞིག་རང་གི་ཁྱིམ་མི་དག་གི་མགོ་ལ་ཡང་འདི་འདྲ་ཞིག་ཡོང་བར་མི་འདོད་པ་ཡིན་ན་ནི། ད་ནི་དྲག་པོའི་རིགས་ཀྱི་ལས་ཀ་འདི་དག་མཚམས་འཇོག་རན་ཡིན་པས་འབོད་སྐུལ་སེམས་བསམ་པའི་སྟེང་ནས་ས་མཐའ་ནས་ངའི་མི་རིགས་ལ་འཇིགས་པ་མི་ཡོང་བའི་ཆེད་དང་། ཁྱེད་ཅག་གི་མི་རིགས་ལ་ཡང་བདེ་འཇག་ཡོང་བའི་ཆེད། ཡང་ན། བསྐལ་བ་ཇི་སྲིད་བར་དུ་ཁྱིམ་ཚེས་བྱས་ དེ་མི་བསྡོད་ཐབས་མེད་ཡིན་པའི་མ་འོངས་མི་རབས་གཉིས་ཀྱི་སེམས་ནང་དུ་སྡུག་བསྔལ་ དང་འཁོན་སེམས་མི་སློང་ཆེད་དུ་འབོད་སྐུལ་མདོར་བསྡུས་ཤིག་ས་མཐའ་ནས་ངའི་ནང་མི་ཡོད་ཚད་ཀྱི་ཚབ་བྱས་དེ། ཁྱེད་ཅག་ཡང་མི་ཞིག་དང་སེམས་ཞིག་ཡོད་པ། རང་ཉིད་ལ་ཡང་ཁྱིམ་ཚང་དང་ཕ་མ་ཉེ་རིང་སོགས་ཡོད་པ་ཤེས་མཁན་ཡིན་པར་སེམས་ཐག་བཅད་དེ་འཕྲིན་ཡིག་འདི་སྤྲིངས་པ་ཡིན།

༡༧།༢།༠༩

རྩོམ་ཡིག་འདི་སུ་ཞིག་གིས་རྒྱ་ཡིག་ནང་དུ་བསྒྱུར་ཐུབ་པ་ཡིན་ན་དེ་ལ་སེམས་གཏིང་ནས་དགའ་བསུ་ཞུ།

ང་རང་ལ་སེམས་འཁྲལ་ཡོང་གི་འདུག

ང་རང་ལ་སེམས་འཁྲལ་ཡོང་གི་འདུག

བོད། ལྷ་ཀླུ་གཉན་གསུམ།

གངས་ཅན་གྱིས་གསུང་ལྟར་བོད་ནང་དུ་ད་ལོ་ནི་མི་གཅིག་འགུལ་རང་རྒྱ་དམག་བརྒྱ་མེད་ཀྱང་བཅུ་ཡིས་མི་གཅིག་ལ་སོ་ལྟ་དང་སྒུག་་བསྡོད་བྱས་དེ་བསྡད་ཡོད་པ་ནི་བཤད་མ་དགོས་པ་ཞིག་ཡིན་དུས། བློ་འཚབ་བྱེད་དགོས་ས་དེ་ནི་དངོས་ནས་བོད་ནང་གི་བོད་མི་མི་ཉུང་བ་ཞིག་གིས་སྐད་འབོད་བྱས་མིན་ལ་མ་བལྟས་པར་སླར་ཡང་ཚེ་སྲོག་གི་འགྲོ་སོང་གཏོང་དགོས་བྱུང་ན་ནི་དངོས་ནས་སེམས་སྐྱོ་བ་ཞིག་རེད། གང་ལྟར། འདོད་ཀྱང་མི་འདོད་ཀྱང་རུང་། ང་ཚོ་ནི་ཐག་རིང་ནས་རྣ་བ་གཏད་དེ་ཉན་ནས་བསྡོད་མཁན་དང་ལྟད་མོ་བ་ལྟ་བུ་ཞིག་བྱས་དེ་བསྡོད་པ་ལས་གང་ཡང་བྱེད་མི་སྲིད་པ་རེད། དེ་ལས་བོད་ནང་གི་བོད་མི་གཅིག་གི་ཚེ་སྲོག་ཡིན་ཡང་རྒྱ་ནག་གི་དམག་མི་སྙིང་རྗེ་མེད་མཁན་དེ་དག་གི་མེ་མདའི་འོག་དུ་འགྲོ་མ་དགོས་པར་བརྒྱུད་ལམ་རེ་ཡོད་ན་བྱེད་རན་ཡིན་པ་ལས་འདི་ནས་དཔའ་གཏམ་འཐེན་ནས་འདུག་རན་མ་རེད།
ངས་ཀྱང་རང་གི་ཡུལ་དུ་ཁ་པར་བཏང་དུས་ང་རང་གི་ཨ་མྱེ་ལོ་ན་གྱ་བཅུ་ལ་སོན་པ་དེའི་ང་རང་ལ་གསུང་དོན་ད་ལོ་ནི་དངོས་ནས་མི་མང་གི་བཤད་པ་ལ་ཉན་ན་དམག་འཁྲུག་ཆེན་པོ་ཞིག་བྱུང་ས་རེད་སྙམ་པའི་ཚོར་བ་ཞིག་སྟེར་གྱི་འདུག་སོགས་མང་བོ་ཞིག་ང་རང་ལ་གསུང་དུས། ངས་ཨ་མྱེ་ལགས་ཀྱིས་གསུང་དེ་དག་ལ་ལན་གང་ཞིག་སྟེར་དགོས་མིན་ཡང་སྐབས་ཐོག་དེར་དངོས་ནས་བཤད་དཀའ་བ་ཞིག་ཆགས་སོང་། རྗེས་སུ་ངས་ཡང་བསྐྱར་ཁ་པར་བཏང་བ་ཡིན།

ང་རང་ལ་དངོས་ནས་སེམས་འཁྲལ་ཡོང་གི་འདུག ཉིན་རེ་ནས་ཉིན་རེ་སོང་དེ་འོང་དུས་སུ། བོད་ནང་གི་ཉེ་འབྲེལ་ལས་མཆེད་པའི་བོད་རིགས་ཡོངས་སུ་རྫོགས་པའི་ཚེ་སྲོག་དང་ལོངས་སྤྱོད་ཡོད་ཚད་ལ་སེམས་འཁྲལ་ཡོང་གི་འདུག འཚར་ལོངས་ཡོང་བཞིན་པའི་བྱིས་པ་དེ་དག་གི་མདུན་ལམ་ལ་སེམས་འཁྲལ་ཡོང་གི་འདུག སློབ་གྲ་འགྲིམ་བཞིན་པའི་གཞོན་སྐྱེས་དེ་དག་གི་འོད་སྟོང་ལྡན་པའི་མི་ཚེ་ལ་སེམས་འཁྲལ་ཡོང་གི་འདུག བཟའ་མགོ་ལུས་ཚང་བའི་མི་ཚང་རེ་རེ་ལ་སེམས་འཁྲལ་ཡོང་གི་འདུག ཆོས་རྣམ་དག་བྱེད་པའི་བཙུན་པ་དེ་དག་གིས་སློབ་གཉེར་ལ་སེམས་འཁྲལ་ཡོང་གི་འདུག ཚོར་ཁེ་ལས་གཉེར་བཞིན་པའི་བོད་རིགས་ཡོངས་ཀྱི་དཔལ་འབྱོར་ལ་སེམས་འཁྲལ་ཡོང་གི་འདུག ལོ་ན་རྒས་པའི་རྒན་པོ་རྒན་མོ་དེ་དག་གི་མགོ་སྟེང་དུ་སླར་ཡང་འཇིགས་པ་ཞིག་མི་ཡོང་ངམ་སྙམ་ནས་སེམས་འཁྲལ་ཡོང་གི་འདུག མདོར་ན་གངས་རིའི་ལྗོངས་སུ་སླར་ཡང་ཁྲག་གི་གཡུལ་འཐབ་ཞིག་བྱུང་མི་ཡོང་ངམ་སྙམ་ན་དངོས་ནས་སེམས་བསམ་པའི་གཏིང་ནས་སྐྱོ་བཞིན་འདུག འདི་ལྟར་ང་རང་གི་སེམས་འཁྲལ་ལ་མཐའ་མེད་པར་གྱུར་ནས་བོད་ནང་གི་བོད་མི་མང་བོ་ཞིག་གི་འདས་མ་འོངས་ད་ལྟ་གསུམ་གྱི་འཚོ་གནས་ཕྱོགས་སུ་བསམ་གཞིགས་མི་བྱེད་པའི་རང་དབང་ཞིག་མེད་པར་གྱུར་ནས། ང་རང་ས་མཐའ་ནས་སེམས་པ་མི་སྐྱིད་པ་ནས་འདང་རྒྱག་གི་ནང་དུ་ལྷུང་དེ་ངས་བོད་ནང་གི་རང་གི་ནང་མི་དག་ལ་ཁ་པར་མང་བོ་བཏང་བ་ཡིན། ངས་ཁོང་ཚོ་ལ་སེམས་གསོ་རེ་བྱེད་འདོད་ཀྱང་ངས་གང་ཡང་བཤད་ཐུབ་ཀྱི་མི་འདུག རྒྱུ་མཚན་ནི་ང་རང་ཐག་རིང་བདེ་འཇག་གི་ས་ནས་ཁོང་ཚོ་ལ་ཁ་བརྡ་བྱེད་པ་ནི་སྐྱག་ལབ་རྒྱག་གི་ཡོད་པ་དང་འདྲ་བའི་ང་རང་གིས་བཤད་འདོད་པའི་སྐད་ཆ་རེ་རེ་བཞིན་ཕྱིར་ཁོག་དུ་མུད་དགོས་བྱུང་སོང་། མཐའ་མ་དེར་ངས་སྤ་གསང་མེད་པར་རང་གི་ཕ་རྒན་ལ་སེམས་གཏམ་འདི་དག་བཤད་པ་ཡིན། སྐད་ཆ་འདྲ་མིན་བཤད་ཀྱི་མ་འདུག ཁྱེད་རང་གིས་སྐད་ཆ་མང་བོ་ཞིག་བཤད་ཤེས་མིན་མང་བོ་ཡོད་ལ། དེ་དག་ལ་འགན་ཡོད་མེད་ཡང་མང་བོ་ཡོད་པ་རེད། དེ་ལས་ཁ་རོག་གེར་རང་གི་ནང་མི་དང་བུ་ཕྲུག་དེ་དག་གི་ཚེ་སྲོག་ལ་འགན་ཡོད་པ་ཞིག་བྱས་དེ་འདུག་དགོས་རྒྱུ་ནི་གལ་ཆེན་པོ་རེད། རང་ས་ནས་རང་གི་ཚོང་ལས་རེ་གཉེར་ནས་རང་གི་ས་ཤོར་དུ་མ་འཇུག་པར་ཤུ་རེ་བྱོས་དེ་བསྡོད་དང་དེ་ལས་ལྷག་ཞིག་དགོས་པ་མ་རེད་ལ་ངས་སྔོན་ཆད་རྒྱ་གར་ནས་ཁྱེད་རང་ཕ་མ་གཉིས་ལ་རང་ས་འཛིན་སྟངས་བསྐོར་གྱི་ཁ་བརྡ་མང་བོ་བྱས་པ་ལྟར། ཁྱེད་གཉིས་ཀྱིས་ཀྱང་རང་གི་འཇོན་མིན་ལ་མ་བལྟས་པར་རྫོང་ཐོག་ནས་ཚོང་ཁང་ཆུང་ཆུང་ཞིག་གཉེར་བ་དེ་ལ་ང་རང་སེམས་གཏིང་ནས་དགའ་བོ་ཡོད་ལ་སོགས་བཤད་པ་མ་ཟད། བུ་ཕྲུག་དག་ལ་བོད་ཡིག་གཙོ་བོ་སྤྱོང་དུ་འཇུག་དགོས་པ་དང་ཞོར་དུ་རྒྱའི་ཡི་གེ་ཡང་སྤྱོང་དགོས་པར་སྐུལ་མ་བྱས་པ་ཡིན། ངས་རང་གི་སེམས་འཁྲལ་གྱི་ཁྲོད་ནས་རང་གི་ཕ་མ་ལ་མ་གཏོགས་ཁ་བརྡ་བྱེད་ཐུབ་མ་སོང་། དྲ་གྲོགས་ཁྱེད་རང་གིས་ཀྱང་རང་རང་གི་ཕ་མ་དག་ལ་ཁ་བརྡ་དམིགས་གསལ་བ་རེ་བྱེད་རྒྱུ་ཡོད་ན་ནི་དུས་ཚོད་ཏག་ཏག་ནོར་མི་འདུག་གོ དེ་མིན་རྒྱ་ནག་སྲིད་གཞུང་གི་སྙིང་རྗེ་མེད་པའི་དམག་མི་དག་གི་མེ་མདའི་འབེན་དུ་གྱུར་བ་ཡིན་ན་ནི། བོད་རིགས་ཡོངས་ཀྱི་མི་རྒྱུ་གཉིས་ཀྱི་གྱོང་རྒུད་ཡིན་པ་སེམས་སུ་འཛིན་དགོས་པར་འདོད་ནས་དེ་རིང་དྲ་ཐོག་ནས་ང་རང་གི་སེམས་འཁྲལ་འདི་བཞིན་ཁྱེད་ཅག་ལ་ཡང་ཡོད་པར་གདོན་མི་ཟ་བར་སྙམ་ནས་དྲ་གྲོགས་ཡོངས་ལ་སྐུལ་མ་བྱས་པ་ཡིན། མདོར་ན་བོད་མི་གཅིག་ཀྱང་ཤི་མི་རུང་། ང་ཚོ་གསོན་དགོས། ང་ཚོ་གསོན་བསྡད་པ་ཡིན་ན། ང་ཚོ་ལ་གོ་སྐབས་མང་བོ་ཡོད། ང་ཚོས་གང་ཡང་བྱེད་ཐུབ་པ་ཡིན། ང་ཚོ་གསོན་དགོས།